2008年11月15日星期六

༧གོང་ས་སྒྱབས་མགོན་ཆེན་པོ་མཆོག་ལ་དབུལ་ལམ་ཡོད་པ་ཞུ།

༧གོང་ས་སྒྱབས་མགོན་ཆེན་པོ་མཆོག་ལ་དབུལ་ལམ་ཡོད་པ་ཞུ།
ཐོག་མར་ཕྱག་གསུམ་ཕུལ་ཏེ།ཉི་བའི་ཟླ་གཉིས་རིང་བྱུང་བའི་རྒྱལ་སྤྱིའི་དང་བོད་དུ་བྱུང་བའི་གནས་ཚུལ།མ་འོངས་པར་འབྱུང་སྲིད་པའི་གནད་དོན་ཀུན་གྱི་ཐད་ལ།གུས་པས་བསམ་འཆར་ཞིག་བཏོན་ཡོད་ལགས་ན།༧གོང་ས་མཆོག་ནས་ཟུར་གཟིགས་ཡོང་བར་སྨོན།
དང་པོ།
བོད་ཆོལ་ཁ་གསུམ་གྱི་རང་སྐྱོང་ཐད་ལ།ངེས་པར་དུ་རྒྱ་ནག་གི་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཡོད་པའི་སྲོལ་ཡིག་ཞིག་བཟོས་ཏེ།དངོས་སུ་རྒྱ་ནག་ལ་སྤྲོད་རྒྱུ་དང་སྲོལ་ཡིག་དེ་ཉིད་མ་འོངས་དྲིལ་བསྒྲགས་བྱེད་སྐབས་ཀྱི་རྩ་འཛིན་ཡིག་ཆ་བྱ་དགོས།གསུང་བཤད་དང་ཡིག་ཆ་ཙམ་གྱིས་རྒྱ་མི་དེ་ཚོར་ཡིད་ཆེས་ཡོང་དཀའ་བར་སོང་།བོད་ཀྱི་རིག་གཞུང་དང་མི་དམངས།ལྷག་པར་དུ་ཆོས་ལུགསཆེད་གཉེར་བ་༼སེར་མོ་བའི་སྔེ་ལ་གོ་བར་སོང་།༽བཅས་ལ་གནོད་འཚེ་བྱེད་བཞིན་པ་བཅས་ལ་དམིགས་ཏེ།ངེས་པར་དུ་རང་སྐྱོང་སྲོལ་ཡིག་ཞིག་རྒྱ་མཞུགས་ལ་སྤྲོད་དགོས།གསལ་ཁ་དོད་པོའི་སྒོ་ནས་བོད་ཀྱི་སྐད་དང་ཡི་གེ།ཆོས་ལུགས་རིག་གཞུང་།དགོན་པ་དང་དེར་བཞུགས་ཀྱི་ཆོས་པ་བཅས་ཀྱི་ཁེ་ཕན་ཕྱོགས་ཀྱི་དགོས་ངེས་ཐོབ་ཐང་འགོད་དགོས།
གཉིས་པ།
སྔ་བར་མཇུག་གསུམ་དུ་ང་ཚོས་ངེས་པར་དུ་དྲིལ་བསྒྲགས་ཀྱི་གཙོ་བོར་རྒྱ་མིར་བྱེད་དགོས་ལ།མ་འོངས་པར་ཡང་གཞོལ་ཐབས་མེད་པའི་སྒོ་ནས་རྒྱ་མི་དང་མཉམ་དུ་གྲོས་མོལ་བྱེད་དགོས་སྟབས།རྒྱ་མི་རྣམས་ཀྱིས་མཆོག་ཉིད་ཀྱི་དགོངས་པ་གསལ་བོར་ཧ་གོ་བར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན།ཐེངས་འདིའི་༼གསུམ་བཅུའི་༽དུས་དྲན་ནས་མགོ་བརྩམས་པའི་ངོ་རྒོལ་འཐབ་རྩོད་ཀྱི་དོན་རྐྱེན་འདི་བོད་མི་དང་རྒྱ་མི་ཕྱོགས་གཉིས་ལ་གལ་ཆེ་བར་ཆགས་ཡོད་ལ་ཕྱོགས་གཉིས་ཀྱི་སྲིད་གཞུང་གིས་དམངས་སེམས་གཅིག་སྒྲིལ་གྱིས་ནུས་བ་ཐོན་ཡོད།རྒྱ་གཞུང་ནས་ནང་ཁུལ་མི་དམངས་ཡོངས་ལ་དྲིལ་བསྒྲགས་ཕྱོགས་ནས་འཁྱོག་བརྗོད་དང་མགོ་བསྐོར་བཏང་ཡོད་སྟབས།རྒྱ་གཞུང་ནས་བོད་ས་ཡོངས་ལ་དྲག་གནོན་བྱས་པའི་བྱ་སྤྱོད་ལ་ཀྲུང་གོ་བ་མང་ཆེ་བའི་རྒྱབ་སྐྱོར་ཐོབ་ཡོད།དེར་མ་ཟད་ང་ཚོའི་ངོས་ནས་རྒྱ་མི་ལ་དྲིལ་བསྒྲགས་ཀྱི་ནུས་ཤུགས་ཀྱིས་འདང་ངེས་མེད་པ་དེ་དང་རྒྱ་ཡོག་གི་ཐོག་ནས་གནས་ཚུལ་དུས་ཐོག་ཏུ་དྲིལ་བསྒྲགས་བྱེད་ཐུབ་ཀྱིན་མེད་པ་བཅས་ལ་རག་ལས་ཆེན་པོ་ཡོད།གུས་པའི་བསམ་ཚུལ་ལ་དེ་སྔའི་ཉམས་མྱོང་གཞིར་བྱས་ཏེ།མུ་མཐུད་དུ་༧མཆོག་ཉིད་ཀྱི་དགོངས་གཞི་ཀྲུང་གོ་མི་དམངས་ལ་གསལ་ཁ་དོད་པོས་གསལ་བརྗོད་གནང་དགོས་ཤིང་།གལ་ཏེ་ང་ཚོས་སེམས་
ཐག་ཆོད་པོའི་སྒོ་ནས་རྒྱ་ནག་དང་མཉམ་དུ་འཚོ་བ་བསྒྱལ་རྒྱུ་ཡིན་ན།དཔེར་བཞག་ན།སློབ་མ་དང་སློབ་མའི་བར་དང་།ལས་ཁུངས་དང་ལས་ཁུངས་བར།སྐུ་ཚབ་དང་སྒུ་ཚབ་བར།གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་བཅས་ཕྱོགས་ཡོངས་ནས་འབྲེལ་འཛུགས་དང་བགྲོ་གླེང་འབྲེལ་མོལ་བྱེད་ཐབས་གནང་དགོས་གལ་ཆེ།ལྷག་པར་དེང་རབས་ཀྱི་དྲ་རྒྱ་བོད་སྤྱོད་ཤུགས་ཆེར་གནང་སྟེ་རྒྱ་ཡིག་ཐོག་གི་དྲིལ་བསྒྲགས་དང་བགྲོ་གླེང་ཤུགས་ཆེར་གཏོང་དངོས།
གསུམ་པ།
གུས་པས་ཞུ་འདོད་ལ།༧མཆོག་ཉིད་དང་བཙན་བྱོལ་བོད་གཞུང་།བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཀྱི་འབྲེལ་བ་དེ་ཡིན།༧གོང་ས་མཆོག་ནས་སི་ཏ་སྦག་ནས་ཐོག་མར་དབུ་མའི་དགོངས་འཆར་བཏོན་པ་ནས་བཟུང་།ལོ་རེའི་གསུམ་བཅུའི་དུས་དྲན་གསུང་བཤད་ཀྱི་ནང་དོན་གཅིག་མཚུངས་ཡིན་ལ།༼ཡིན་ནའང་།དེང་སང་གསུང་སྟངས་ཐད་ནས་འགྱུར་བ་གནང་འདུག༽གུས་པའི་བསམ་ཚུལ་ལ་༼བདེན་པ་ཡིན་མིན་མི་ཤིས་༽མ་གཞི་ནས་རྒྱ་གཞུང་ཕྱོགས་ནས་གྲོས་མོལ་བྱེད་འདོད་མེད་པ་བདེན་ཡང་།ང་ཚོ་བོད་མི་ནང་ཁུལ་ནས་ཀྱང་མཆོག་ཉིད་དང་བཙན་བྱོལ་བོད་གཞུང་།གཞོན་ལྷན་བཅས་ཀྱི་དགོངས་གཞི་མཐར་ཐུག་གང་ཡིན་ལ་མགོ་རྨོངས་ཐེབས་འདུག་ལ།ང་ཚོ་འཐབ་རྩོད་བྱེད་ཕྱོགས་ཐད་རྒྱ་མི་མང་པོ་ཞིག་མགོ་འཐོམ་ཡོད་པ་མ་ཟད།བོད་མི་མང་ཆེ་ཞིག་ཀྱང་མགོ་འཐོམ་བྱུང་ཡོད།
བཞི་བ།
གུས་པའི་དྲི་བ་ནི།བོད་ཀྱི་རིག་གཞུང་ཞེས་པ་ནི་བོད་བརྒྱུད་ནང་བསྟན་དེ་ཉིད་བོད་ཀྱི་རིག་གཞུང་༼བོད་ནང་ནས་རིག་གནས་ཅེས་བསྒྱུར་འདུག༽གི་ཁྱབ་གོངས་སུ་ཚུད་ཡོད་དམ།ཡང་ན་བོད་ཀྱི་རིག་གཞུང་ཞེས་པ་དེ་བོད་བརྒྱུད་ནང་བསྟན་གྱི་ཁོངས་གཏོགས་སུ་ཚུད་ཡོད།འདི་ལ་དབྱེ་བ་གསལ་བོར་གནང་ཐུང་མིན་དེ་རྒྱལ་ཁབ་ཅིག་གམ་ཡང་ན་སྲིད་དབང་ཞིག་ལ་འབྲེལ་བ་ཆེན་པོ་ཆགས་ཡོད།ལྷག་པར་དུ་དེང་རབས་ཀྱི་སྤྱི་ཚོགས་ཁྲོད་གལ་འགངས་ཆེན་པོ་ཆགས་ཡོད།རྒྱ་གཞུག་གིས་ནང་ཁུལ་མི་དམངས་ལ་དྲིལ་བསྒྲགས་
བྱེད་དོན་ནི།༧མཆོག་ཉིད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་སླར་གསོ་གནང་འདོད་ཡོད་ཚུལ་དེ་ཡིན་ལ།གུས་པའི་བསམ་ཚུལ་ལའང་དེ་འདྲ་ཞིག་རྩ་བ་ནས་ཡོང་ཐབས་མེད་པ་ཞིག་རེད།གནད་དོན་དེ་ངེས་པར་དུ་གསལ་བོར་མཁྱེན་དགོས།དེའང་རྒྱ་གཞུང་ནས་༧མཆོག་ཉིད་ལ་འཁྱོག་བརྗོད་ཁ་གཡར་བྱེད་ས་གཙོ་བོ་དེ་རེད།
ལྔ་བ།
༧གོང་ས་མཆོག་ནས་ཨ་རི་ནས་ཀྲུང་གོའི་སློབ་མ་ཞིག་དང་མཇལ་འཕྲད་གནང་སྐབས་སུ་གསུངས་དོན་ལ།༼བོད་རིགས་གནས་ཡོད་པའི་ནང་ཁུལ་གྱི་ལས་དོན་བོད་མི་རང་ཉིན་ནས་ཐག་གཅོད་བྱེད་ཐུབ་པ་ཞིག་དང་།བོད་ས་གནས་སྲིད་གཞུང་དེ་བོད་སྐད་དང་བོད་ཀྱི་རིག་གཞུང་ལ་བྱང་ཆ་ཡོད་པའི་བོད་མི་ནས་གཙོ་འགན་གནང་རྒྱུ།རིག་གཞུང་དང་སྐད་ཡོག་སྲུང་སྐྱོབ་ལའང་བཟང་ཕྱོགས་ནས་ནུས་པ་འདོན་ཐུབ་རྒྱུའི་རེ་བ་ཙམ་ཡིན་ཞེས་རེ་འདུན་གསུངས་པ་དེ་ནི་གུས་པའི་བསམ་ཚུམ་ལ་དེ་ནི་ཞི་མོལ་གྱི་མཐའ་མའི་དམིགས་ཡིལ་ཡིན་པར་འདོད།དེས་སྟབས་ཀྱིས།གུས་པའི་བསམ་འཆར་འདི་སྨིན་མེད་སྲིད་ཀྱང་།བོད་ཆོལ་གསུམ་ཞེས་བརྗོད་སྟངས་འདི་དེང་སང་གི་ཆབ་སྲིད་ཁོར་ཡུག་འདི་འདྲ་བ་ཞིག་གི་ནང་ཡོང་མི་སྲིད་པ་ཞིག་རེད་ལ།འབྲས་བུའང་ཐོན་ཐབས་མེད་པར་འདོད།རྒྱགཞུང་གིས་འདོད་ཚུལ་ལ་གལ་སྲིད་དེ་འདྲ་བྱུང་ན།ཀྲུང་གོའི་ས་ཁོངས་ཕྱེད་ཙམ་ཞིག་བོད་ཀྱི་ལག་ཏུ་ཤོར་རྒྱུ་ཡིན་པའི་དོགས་གཞི་ཡོད་ལ།ཐོག་མར་བསམ་བློའི་ཐོག་ནས་ངོས་ལེན་བྱེད་ཁག་པོ་ཆགས་ཡོད།དེའི་རྐྱེན་གྱིས།ད་ཡོད་བོད་ཆོལ་གསུམ་གྱི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་མ་གསུང་བ་ཡིན་ན།གང་ལྟར་ད་ལྟ་མིང་ཐོག་ནས་ཡུལ་ཁམས་དེ་དག་ཚང་མ་རང་སྐྱོང་ཁུལ་དང་རྫོང་བཅས་བཏགས་ཡོད་ལ།དེ་དག་རྒྱ་གཞུང་གིས་གཏོར་ཐབས་མེད་པ་ཞིག་རེད།གུས་པའི་བསམ་ཚུལ་ལ་གལ་སྲིད་མིང་དོན་མཚུངས་པའི་རང་སྐྱོང་ཞིག་དགོས་ན།དངོས་ཡོང་སྲིད་པ་ཞིག་དང་ལམ་ཁ་ཉག་གཅིག་ཡོད་པ་ནེ།ཐོག་མར་སྐད་ཀྱི་ཐོག་ནས་ཆོལ་གསུམ་ཆིག་གྱུར་ཡོང་ཐབས་བྱེད་དགོས།དེ་ཡོང་ཐབས་ནི་བོད་ཀྱི་སྐད་ཡིག་གི་རིམ་ཐང་ཚད་མཐོར་འཕར་དགོས་པ་དེ་ཡིན་ལ།སྲིད་ཕྱོགས་ནས་བོད་ཀྱི་སྐད་དང་ཡི་གེ་དེ་ཉིད་གཞུང་འབྲེལ་སྐད་ཡིག་གི་གོ་རོམ་དུ་སླེབས་ཐབས་བྱེད་དགོས་པ་དེ་ཡིན།མ་ཟད་ཁྲིམས་ཀྱི་ཐབས་ལམ་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིམ་པའི་སྐད་ཡིག་གི་གོ་གནས་ཐོག་སླེབས་ཐུབ་བྱེད་དགོས་དེ་ཡིན།དེ་བེད་སྤྱོད་བྱེད་ཁོངས་བོད་ཆོད་ཁ་གསུམ་དེ་ད་ལྟའི་བོད་རང་སྐྱོང་ལྗོངས་གཙོ་བྱས་པའི་གཞན་རྒྱ་གཞུང་གིས་ཞིང་ཆེན་དག་ཏུ་ཁག་བགོས་བྱས་ཡོད་པའི་གནས་སྔོད་བོད་རིགས་རང་སྐྱོང་ཁུལ་དང་རྫོང་།ཞང་བཅས་ས་ཁུལ་ཡོངས་རྫོགས་ཚུད་རྒྱུ་ཡིན།
ཡིན་ན་ཡང་།དུས་ད་ལྟ་དབར་དུ་གུས་པས་བཙན་བྱོལ་སྤྱི་ཚོགས་ནས་བཏོན་གནང་བའི་དངོས་སུ་ཆོལ་གསུམ་བོད་ས་ཡོངས་རྫོགས་ཚུད་པའི་ས་ཁྲ་ཞིག་མཐོང་མྱོང་མེད།གལ་སྲིད་ང་ཚོ་ངེས་པར་དུ་རྒྱ་རིགས་མཉམ་དུ་འཚོ་བ་བསྐྱལ་འདོད་ཡོད་ན།ང་ཚོས་ས་ཁོངས་བརྗོད་མི་རུང་ལ།ངེས་པར་དུ་རིག་གཞུང་བརྗོད་དགོས།དེ་ལྟར་གནང་ཐུབ་ན།ཤེས་ཡོན་སློབ་གསོ་དང་ཆོས་ལུགས།རིག་གཞུང་དང་ཚན་རིག་བཅས་ཁྱབ་ཁོངས་ཡོངས་ལ་ཁེ་ཡོངས་ལ་ཁེ་ཕན་ཆེ།གལ་སྲིད་རྒྱ་གཞུང་ནས་ང་ཚོའི་རེ་འདོད་དེ་འདྲ་ཞིག་ཀྱང་བསྐོང་འདོད་མེད་ན།ཞི་མོལ་ལ་རྨང་གཞི་མེད་པ་རེད།༼དོ་སྣང་བྱེད་དགོས་པ་ཞིག་ལ།ད་ལྟ་བོད་འདི་ཉིད་ཀྲུང་གོ་ཞེས་པའི་མངའ་ཁོངས་ཡིན་པ་ཁས་ལེན་བྱེད་པ་དང་མཉམ་དུ་ངེས་པར་དུ་དམར་ཤོག་གུང་ཁྲན་ཏང་གི་དབུ་ཁྲིད་ཡང་ཁས་ལེན་བྱེད་དགོས།དེའི་སྟབས་ཀྱིས་ཏང་གི་དབུ་ཁྲིད་དང་འགན་གཅོའི་གོ་གནས་ལ་འགྱུར་བ་གཏོང་ཐབས་མེད།ཉུང་མཐའ་ཡང་གུང་ཁྲན་ཏང་གི་གནས་བབ་ལ་འཕོ་འགྱུར་མ་བྱུང་བར་དུ།འདིའི་ཐད་ནས་འགྱུར་བ་བྱེད་ཐབས་བྲལ།གནད་དོན་འདི་ཉིད་ངེས་པར་དུ་གསལ་བོར་
མཁྱེན་དགོས།༽
གོང་ནས་བའམ་འཆར་ཞུས་ཡོད་པའི་ནང་དོན་ཇི་ཡོད་ཁ་སང་བཀལ་བཟང་སྟག་ལྷ་མཆོག་ལ་སྙན་སྒྲོན་ཞུས་ཡོད།
༧གོང་ས་མཆོག་གིས་མཛད་བྲེལ་སྐབས་སུ་སྤྱན་གཟིགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
ཀུན་ཐར་གྱི་བོད་ཡིག་ཏུ་བསྒྱུར་བ་ལའང་ཐུགས་རྗེ་ཞུ་རྒྱུ་ཡིན།
གནས་སྡོད་པ་ཚེ་རིང་དོན་འགྲུབ་ཀྱིས་གུས་ཕྱག་དང་བཅས། ཕྱི་ལོ་༢༠༠༨ ཟླ་༥ ཚེས་༦ ཉིན།

没有评论: